ཏདངསངས
གསལ་བསྒྲགས།
ས་གནས་དོན་གཅོད་ཁང་ནས་བོད་རིགས་ཚོགས་པར་ཕྱག་བྲིས་གནང་དོན།
༢༠༡༢ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ།
མཚུངས་མེད་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་རྒྱུན་ལས་ལྷན་རྒྱས་ལ།
ཆེད་ཞུ། གཞུང་མང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༢༡ འཁོད་གནས་གནང་འབྱོར་བྱུང་བའི་ངོ་བཤུས་ཤོག་ལྷེ་གཉིས་ཅན་དེ་གའི་མཁྱེན་རྟོགས་དང་ལག་ལེན་སླད་ཟུར་འབུལ་ཞུས་ཡོད་པའི་ནང་དོན་ལྟར། རིང་མིན་ཕྱི་ལོ་༢༠༡༢་ཟླ་༩ ཚེས༢༥ ནས་༢༨ བར་བཞུགས་སྒར་དུ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྐྱང་རྒྱུའི་དུས་སྐབས་དང་བསྟུན་ཕྱི་ཚེས་༢༨ ཉིན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཚེ་དཔག་མེད་དྭངས་མ་བཅུ་འདྲེན་གྱི་སྒོ་ནས་༸གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་གཏན་འཁེལ་སྐབས་བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཡོངས་ནས་གསོལ་འདེབས་མཉམ་བསྐྱེད་དང་སྤྱི་མཐུན་བསོད་ནམས་གོང་འཕེལ་སླད་མགོན་པོ་ཚེ་དཔག་མེད་ཀྱི་གཟུངས་སྔགས་རྒྱས་བསྡུས་གསོག་སྒྲུབ་ཞུ་དགོས་ཀྱི་དགེ་བསྐུལ་ཕེབས་པ་བཞིན། ས་གནས་སུ་གནས་སྡོད་བོད་མི་ཡོངས་ལ་མ་གོ་མ་རཐོས་མེད་པའི་བརྡ་ཁྱབ་ངེས་འདྲོངས་དགོས་ཐོག་གཟུངས་སྔགས་དེ་དག་རང་ཁྱིམ་དུ་གང་མང་གསོག་སྒྲུབ་ཞུ་དགོས་མ་ཟད། ས་གནས་བོད་རིགས་ཚོགས་པ་དང་ས་གནས་མི་འཐུས་བཅས་ནས་སྐབས་དུས་སོ་སོར་མང་ཚོགས་འདུ་བསྐོང་གིས་གཟུངས་སྔགས་གང་མང་གསོག་སྒྲུབ་ངེས་གནང་དགོས་པ་དང་། ཆབས་ཅིག་ས་གནས་སོ་སོའི་ཕྱོགས་བསྡོམས་སྒྲུབ་ཐོ་ཁ་གྲངས་ཇི་བྱུང་ཕྱི་ལོ་༢༠༡༢ ཟླ་༩ ཚེས་༡༥ ནང་ཚུད་འདི་ལས་སུ་གློག་འཕྲིན་བརྒྱུད་ལན་གསལ་ཡོད་པ་བཅས་དེ་དོན་དགོངས་འཇགས་ཞུ།
(འཇིགས་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་བ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། ། ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུ་རྫྙཱ་ན་སརྦ་སི་དྡྷི་ཎི་བྷྲུཾ་ཧཱུཾ་ཛ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། བསྡུས་པ། །ཨོྃ་ཨ་མ་ར་ནི་ཛི་བན་ཏི་ཡེ་སྭཱཧཱ། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་འཐོབ་པར་ཤོག།)
སྦར་སིལ་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༢༢ ལ།།